དམངས་གཙོའི་བཅོས་བསྒྱུར་བྱས་ཚུན་བོད་ཀྱི་དམངས་འཚོའི་བྱ་གཞག་ཁག་གོང་འཕེལ་ཆེན་པོ་བྱུང་།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-03-29

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ལོ་ངོ་ ༦༠ སྔོན་དུ་ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུན་འཛིན་ཞིང་བྲན་ལམ་ལུགས་ཀྱིས་བོད་ཀྱི་སྤྱི་ཚོགས་འཕེལ་རྒྱས་ལ་འགོག་རྐྱེན་བཟོས་པས།  སྤྱི་ཚོགས་བྱ་གཞག་ཧ་ལམ་སྟོང་པར་ལུས་པ་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆུ་ཚད་ཧ་ཅང་དམའ་པོ་རེད།  དམངས་གཙོའི་བཅོས་བསྒྱུར་བྱས་ནས་ལོ་ངོ་ ༦༠ སོང་ཚུན་བོད་ཀྱི་སྤྱི་ཚོགས་རྣམ་པ་གསར་རྐྱང་ཆགས་ནས་སྤྱི་ཚོགས་བྱ་གཞག་ཁག་ཕྱོགས་ཡོངས་ནས་གོང་འཕེལ་ཆེན་པོ་བྱུང་བ་དང་།  མི་དམངས་ཀྱི་འཚོ་བའི་ཆུ་ཚད་མཐོ་རུ་ཕྱིན་ཏེ་ཐོབ་སྣང་དང་སྐྱིད་སྣང་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པ་དང་ས་མཐོའི་བུ་ཕྲུག་གིས་བདེ་སྐྱིད་འཚོ་བ་གསར་པ་གཏོད་འགོ་ཚུགས་ཡོད།

ཏང་གི་འོད་ཟེར་གངས་ལྗོངས་ས་མཐོར་འཕྲོས་ཞེས་པའི་མུ་འབྲེལ་སྲིད་དོན་དཔྱད་གཏམ་ཁག་གསུམ་པ་སྟེ་སྤྱི་ཚོགས་བྱ་གཞག་ཁྱོན་ཡོངས་ནས་ཡར་རྒྱས་བྱུང་ནས་བདེ་སྐྱིད་ལྡན་པའི་འཚོ་བ་གསར་པ་འགོ་ཚུགས་ཞེས་པའི་ནང་།  དམངས་གཙོའི་བཅོས་བསྒྱུར་བྱས་པ་དེས་བོད་ལྗོངས་ལ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འཕེལ་རྒྱས་བྱུང་ནས་འོད་ཟེར་ལྡན་པའི་མདུན་ལམ་བསུས་ཡོད།  དམངས་གཙོའི་བཅོས་བསྒྱུར་མ་བྱས་གོང་ཧ་ལམ་ཁྱིམ་ཚང་ཚང་མར་སྐྱེད་ཀ་མཐོ་བའི་བུན་ལོན་དང་ཕ་ཚ་བུ་རྒྱུད་ཀྱིས་འཇལ་མི་ཐུབ་པའི་བུན་ལོན་ཡོད།  དེང་གི་དུས་འདིར་བོད་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་རེའི་ཆ་སྙོམས་ལག་ཡོད་ཡོང་འབབ་སྒོར ༣༣༧༩༧ ཟིན་པ་དང་།  གྲོང་གསེབ་ཀྱི་གྲོང་མི་རེའི་ཆ་སྙོམས་ལག་ཡོད་ཡོང་འབབ་སྒོར ༡༡༤༥༠ ཟིན་ནས་འཕར་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད།

དམངས་གཙོའི་བཅོས་བསྒྱུར་བྱས་ནས་ལོ་ངོ་ ༦༠ སོང་ཚུན་བོད་ཀྱི་རིག་གནས་འཕེལ་རྒྱས་ཆེན་པོ་འགྲོ་བའི་ཕྱོགས་སུ་གྱུར་ཡོད།  ཕུལ་བྱུང་གི་དམངས་ཁྲོད་ཤུལ་བཞག་རིག་གནས་སྒྱུ་རྩལ་ཕྱོགས་བསྡུས་དང་།  ལེགས་སྒྲིག  པར་བསྐྲུན་བཅས་བྱུང་ནས་རྩ་ཆེའི་རིག་དངོས་མང་པོར་སྲུང་སྐྱོབ་ཐུབ་ཡོད།  བོད་སྐད་ཡིག་རྒྱ་ཁྱབ་ངང་སློབ་སྦྱོང་དང་བེད་སྤྱོད་བྱུང་ནས་རྒྱལ་སྤྱིའི་ཚད་གཞི་ལྡན་པའི་ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་ཡི་གེ་ཨང་དང་པོར་གྱུར་ཡོད།  ལོ་ངོ་ ༦༠ ཡི་རིང་བོད་དུ་བུ་བཅོལ་སློབ་གསོ་དང་།  སློབ་གྲྭ་འབྲིང་ཆུང་གི་སློབ་གསོ།  ལས་རིགས་ལག་རྩལ་སློབ་གསོ།  དར་མའི་སློབ་གསོ།  མཐོ་རིམ་སློབ་གསོ་བཅས་ཚུད་པའི་སློབ་གསོའི་མ་ལག་ཆ་ཚང་ཞིག་བཙུགས་ནས།  མི་རིགས་ཁག་གི་མི་དམངས་ཀྱིས་སློབ་གསོ་དང་ལེན་བྱེད་པའི་ཁེ་དབང་འགན་སྲུང་གང་ལེགས་ཐུབ་ཡོད།  ད་ཆ་བོད་དུ་འོས་འགན་སློབ་གསོའི་དུས་མཚམས་ཀྱི་སློབ་གྲྭར་ཞུགས་ཚད་བརྒྱ་ཆ ༩༩ ཡན་ཟིན་པ་དང་།  གཞོན་ནུ་དང་དར་མའི་ཡིག་རྨོངས་བ་བརྒྱ་ཆ ༠.༥ བར་ཆག་ཡོད།  དེ་བཞིན་ད་ཆའི་བོད་ལྗོངས་ལ་གཞི་རྩའི་ཐོག་ནས་ནད་གཞི་ལྕི་བ་རང་སྐྱོང་ལྗོངས་ནས་བཅོས་ཐུབ་པ་དང་།  ནད་གཞི་ཅུང་ལྕི་བ་གྲོང་ཁྱེར༼ ས་ཁུལ ༽ཁག་ནས་བཅོས་ཐུབ་པ།  ནད་གཞི་ཚབས་ཆུང་བ་རྫོང་ནས་བཅོས་ཐུབ་པ་བཅས་བྱུང་ཡོད་ལ།  གྲོང་ཁྱེར་དང་གྲོང་གསེབ་གཞི་གཅིག་ཅན་གྱི་སྨན་བཅོས་རོགས་སྐྱོབ་བྱ་རྒྱུ་ཁྱོན་ཡོངས་ལ་ཁྱབ་པ་དང་།  རྒྱལ་ཡོངས་སུ་སྔོན་དང་པོར་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་རྒན་གསོའི་འགན་བཅོལ་དོ་མཉམ་ཅན་ཏུ་གྱུར་བ།  འདོད་བློ་ཡོད་པའི་འགན་ལེན་ལྔ་བྱེད་ཡུལ་གཅིག་བསྡུས་འཚོ་སྐྱོང་དང་དྭ་ཕྲུག་གཅིག་བསྡུས་གསོ་ཉར་ཐུབ་ནས་འཚོ་སྐྱོང་དང་གསོ་ཉར་བྱེད་ཚད་གཉིས་ཀ་བརྒྱ་ཆ ༡༠༠ ཟིན་པ་བཅས་རེད།  དམངས་འཚོའི་དངོས་དོན་དེ་དག་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་མིག་མཐོང་ལག་ཟིན་ཐུབ་པ་དང་ལོངས་སྤྱོད་ཐུབ་པ་ཞིག་ཡིན་པས།  ཡངས་ཤིང་རྒྱ་ཆེ་བའི་ས་མཐོའི་བདེ་སྐྱིད་ཀྱི་དཔེ་རིས་བཀོད་ཡོད།།

  ༼  རྩོམ་སྒྲིག་གསལ་དགའ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]